DZONGKHA EDITION

ཁྱོད་ཞལ་དྲན་པའི་ན་ཟུག

ཉི་མ་བརྒྱ་དང་སྟོང་དུ་འཚོལ་བའི་མཐའ། །
རང་སེམས་དགའ་བའི་མི་དང་ལན་གཅིག་ཕྲད། །
འོན་ཀྱང་མཉམ་དུ་སྡོད་པའི་དབང་མེད་པ། །
ཐག་རིང་མིག་གི་མ་མཐོང་རྒྱང་ན་འགྲོ། །


བུམོ་ཁྱོད་མ་འཕྲད་ཚེ་སྔོན་ལས་ཀྱི་ཕྲད། །
ཕྲད་པའི་མཐའ་མ་བྲལ་བའི་དུས་ཤར་ཚེ། །
གནས་འདིར་འདུག་པའི་བློ་དམན་སྤྲང་པོའི་སེམས། །
མ་འཁྲུལ་མ་འཁྲུལ་ཞེས་ཀྱང་མི་ཉན་འདུག །


ཨ་ལ་སེམས་ཀྱི་འཚོར་བའི་ན་ཟུག་འདི། །
ཕྱི་ཡུལ་དངོས་པོར་བཏོན་དུ་ཡོད་ན་དགའ། །
ལོ་དང་ཟླ་བ་སྙིང་གར་བཞག་དགོས་ཚེ། །
ཤ་ཁྲག་ལུས་ལ་ལྕི་བའི་ཁུར་དུ་འགྱུར། །


མ་འདུག་ཡུན་རིང་རྒྱང་དུ་སྙིང་གྲོགས་མ། །
མྱུར་དུ་བུ་ང་མཐའ་རུ་ཕེབས་རོགས་གནང་། །
རྟག་ཏུ་ཁྱོད་ཞལ་དྲན་པའི་ན་ཟུག་འདི། །
བཀྲེས་སྐོམ་དབུལ་ཕོངས་གནས་ནས་གྲོལ་བཞིན་གྲོལ། །


མི་དགེ་བཅུ་ཚང་བའི་ཚོང་།

འཇིག་རྟེན་འདི་ཡི་ཆེ་ཆུང་ཚོང་རིགས་རྣམས།
མི་དགེ་བཅུ་པོའི་ལས་ནི་མ་ཚང་མེད།
འོན་ཀྱང་དེང་སང་མི་རིགས་ཀུན་ལ་ནི།
དེ་འདྲའི་ཚོང་ཞིག་མེད་ན་བཟའ་བཏུང་དཀོན།

སྔ་དྲོ་ལོང་བའི་དུས་ནས་འགོ་བཟུང་སྟེ།
རྫུན་ཚིག་སྟོང་གིས་ཉོ་མཁན་སེམས་ཞིག་བསླུ།
གོང་ཚད་མཐོ་ཡང་དམའ་བའི་ངག་འཁྱལ་བརྗོད།
སྨྲ་བཞིན་མ་སྤྲོད་མ་བྱིན་ལེན་པས་ལེན།

གལ་སྲིད་ཅ་ཆས་ལྟས་རྗེས་མ་ཉོ་ན།
མི་སྙན་ཚིག་གིས་ཉོ་མཁན་ཤིན་ཏུ་སྨད།
གཞན་གྱི་ཚོང་ཁང་ནང་ནས་ཉོ་བ་ན།
ཕྲ་མ་ཁ་ཡིས་ཐམས་ཅད་དཀྲུགས་པར་བྱེད།

རང་གི་ཚོང་རོགས་ཕྱུག་པོར་འགྲོ་བ་ན།
དེ་ལ་གནོད་སེམས་དུ་མས་ཐུར་དུ་འཐེན།
གཞན་གྱི་ཅ་ཆས་རང་བས་ལེགས་པ་ན།
བརྣབ་སེམས་བསྐྱེད་པས་ཡིད་ཀྱི་སྡིག་པ་བསགས།

བུ་མོ་མཛེས་མ་ཚོང་ཉོ་ཕྱིན་པ་ན།
ལོག་གཡེམ་སེམས་ཀྱིས་ལྕེ་དབྱིབས་འགྱུར་མི་འགྱུར།
གོང་ཚད་མཐོ་ཡང་དམའ་བར་བཙོང་སྲིད་དང་།
ནང་ལ་མེད་ཀྱང་ཕྱི་ནས་འཚོལ་སྲིད་པས།

ཉིན་མཚན་ཚོང་གིས་འུར་འབྱེལ་འཐབ་པ་ན།
ལས་དང་རྒྱུ་འབྲས་མི་བསམ་ལོག་ལྟས་བཀང་།
གྱོང་རྒུད་ཨར་རྐུན་ལ་སོགས་ཤོར་བའི་ཚེ།
ཕམ་ཁ་མི་ལེན་འཐབ་འཛིང་སྲོག་གཅོད་མང་།

འཛམ་གླིང་ཚོང་རིགས་མི་འདྲ་འབྱུང་བ་འདི།
སྙིགས་མ་ལྔ་བདོའི་དུས་ཀྱི་སྤྱོད་ངན་ཡིན།
མི་རིགས་མང་པོས་ཚོང་ལ་བསྟེན་པ་འདི།
སྡིག་པའི་ལས་ཀྱིས་ཤིང་ཁར་བརྩེགས་པའི་རྒྱུ། །


འཇིག་རྟེན་མི་ཡི་སེམས།

དཀར་ནག་ཁ་མདོག་བྲལ་བའི་མི་ཡི་སེམས། །

གངས་དཀར་ཁ་བ་འདྲ་གམ་ཨོ་ལ་འདྲ། །

སྐབས་སྐབས་དགེ་བའི་ཕྱོགས་སུ་བློ་སྣ་སྐྱེས། །

སྐབས་སྐབས་སྡིག་པའི་ལས་ལ་བསམ་ཞིང་འགྲོ། །

མི་རྟག་འཕོ་འགྱུར་ཅན་གྱི་མི་ཡི་སེམས། །
དུས་བཞི་འདྲ་གམ་སྟོན་ཀའི་ན་བུན་འདྲ། །
སྐབས་སྐབས་ཁོག་པར་མ་ཤོངས་དགའ་བ་མྱོང་། །
སྐབས་སྐབས་བཟོད་པར་དཀའ་བའི་སྐྱོ་བས་ཟུན། །

ཆེ་ཆུང་དབྱིབས་དང་བྲལ་བའི་མི་ཡི་སེམས། །
གླང་ཆེན་འདྲ་གམ་ས་འོག་མགྲོགས་མོ་མཚུངས། །
སྐབས་སྐབས་འཛམ་གླིང་མ་ཤོངས་ཆེ་བ་མཐོང་། །
སྐབས་སྐབས་ཁབ་རྩེ་སྟེང་དུའང་ཆགས་ནུས་པས། །

གར་གནས་གར་འདུག་གནས་ལུགས་བྲལ་བའི་སེམས། །
ཀླད་པ་ནང་དུ་གནས་གམ་སྙིང་གར་གནས། །
སྐབས་སྐབས་མགུ་ཡིས་རིག་པའི་དཔོན་ཡིན་པས། །
སྐབས་སྐབས་སྙིང་གའི་བྱང་སེམས་བླམ་ཡིན་པས། །

ཕར་ཚུར་འགྲོ་འོང་དུ་མས་བསྐྲུན་པའི་སེམས། །
བོད་ཀྱི་ཡིན་ནམ་རྒྱ་ཡིས་མགྲོན་པོ་ཡིན། །
སྐབས་སྐབས་ལ་མོ་ལ་དགུ་བརྒལ་ནས་སོང་། །
སྐབས་སྐབས་འཁོར་བའི་བཙོན་ནས་ཐར་བ་དཀའ། །

འཛིན་བཟུང་བྲལ་བའི་འཇིག་རྟེན་མི་ཡི་སེམས། །
འཇའ་ཚོན་འདྲ་གམ་ཨར་རྐུན་ཇག་པ་མཚུངས། །
སྐབས་སྐབས་རྒྱུ་ནོར་ལོངས་སྤྱོད་ཕྱོགས་སུ་ཤོར། །
སྐབས་སྐབས་རྒན་མོའི་ཕྱོགས་སུའང་ཤོར་སྲིད་པས། །

ངོ་བོ་སྤྲོད་དང་བྲལ་བའི་མི་ཡི་སེམས། །
རང་ལ་ཡོད་གམ་མེད་གམ་ཐེ་ཚོམ་མནར། །
སྐབས་སྐབས་ཡོད་ཅེས་གྲུབ་བྱ་བདག་ཏུ་འཕགས། །
སྐབས་སྐབས་མེད་ཅེས་སྟོང་པ་ཉིད་ཀྱིས་གསལ། །

འཇིག་རྟེན་མཐོ་དམན། 
འཇིག་རྟེན་འདི་ཡི་ཆགས་ཚུལ་ལྟས་ཙ་ན། །
ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ཕྱག་གིས་བཀོད། །
མ་འོང་སྔོན་ཤེས་རྒྱ་མཚོས་གཏིང་གཟབ་ཡང་། །
འཇིག་རྟེན་མཐོ་དམན་བཀོད་པ་ཅི་ནས་ཡིན། །

འགའ་ཞིག་རི་དང་མཉམ་པའི་རྒྱུ་ནོར་བོལ། །
འགའ་ཞིག་བཀྲེས་པས་བརྡུང་ཡང་ཁམས་གཅིག་དཀོན། །
ལྟོ་བ་མི་གྲངས་རེ་ལ་བཀོད་པ་ལྟར། །
བཟའ་བཏུང་བསོད་ནམས་འདི་འདྲ་ཅིས་མ་བཀོད། །

གང་དག་རྣམས་ལ་དབང་ཚད་གནམ་མཐས་འདས། །
གང་དག་ས་ཡི་བུབ་བཞིན་མིང་ཡང་མེད། །
འཛམ་གླིང་འདི་ཡིས་རྐང་གཉིས་མ་མཚུངས་མེད། །
ཁྱོད་ཀྱིས་དབང་ཚད་ཆེ་ཆུང་ཅི་ནས་བཀོད། །

རྒྱ་གར་གངས་རི་འདོད་ཀྱང་ཐང་ཆེན་མང་། །
འབྲུག་པ་གར་འཆམ་ཁྲབ་སའི་ཐང་གཅིག་དཀོན། །
འཛམ་གླིང་བསྐྲུན་མཁན་ཁྱོད་ཀྱིས་ཕྱག་ཉག་གཅིག །
འོན་ཀྱང་ས་ཆ་མི་སྙོམས་མཐོ་དམན་ཅི། །

ལ་ལ་ཁྲོམ་དུ་དགའ་བ་ཚད་མེད་མྱོང་། །
ལ་ལ་གཡུས་སུ་དཀའ་སྡུག་སྙིང་རུས་ལྷུང་། །
སྐྱེས་ལུགས་གཅིག་ཀྱང་སྡོད་ལུགས་མི་གཅིག་པའི། །
འཇིག་རྟེན་མི་ཚེའི་ལམ་སྟོན་ཇི་ལྟར་ཡིན། །

ལ་ལ་མཛེས་སྡུག་ནམ་མཁའི་འཇའ་ཚོན་བཞིན། །
ལ་ལ་ནག་པོ་ཁང་སྟེང་ཨོ་ལའི་མདོག །
ཐམས་ཅད་མཐོན་སྒོ་ཨ་མའི་མངལ་མཚུངས་ཀྱང་། །
མཛེས་སྡུག་ལེགས་ཉེས་བདག་གཞན་རྣམ་པ་ཅི། །

འགའ་ཞིག་འཛམ་གླིང་སྐྱོང་བའི་ཡོན་ཏན་རྙེད། །
འགའ་ཞིག་རང་ལུས་སྐྱོང་བའི་ཡོན་ཏན་དཀོན། །
འཛམ་གླིང་མི་ལ་མགུ་ནག་རེ་རེ་གནང་། །
དེ་བཞིན་བདག་ལ་རིག་པ་ཅིས་མ་གནང་། །

སྐྱེས་གསོའི་ཕ་མ་ཕ་རོལ་གཤིན་ཡུལ་བཙོང་། །
འཇིག་རྟེན་མི་ཡི་བདག་ལ་དགྲ་རུ་བླངས། །
བློ་སྣ་གླིང་གི་ཁྱོད་ལ་གསོལ་བཏབ་ཀྱང་། །
བདག་ལ་ཐུགས་རྗེའི་མི་ཁྱབ་ཅི་ནས་ཡིན། །

No comments:

Post a Comment