སོ་ར་ཡ་
མ་ནུ་ཅེ་རི།
སོ་ར་ཡ། པར་གུ་གལ་ལས། |
བདུན་ཕྲག་གཅིག་ལས་ཉིན་གྲངས་ལྔ་ཡི་རིང་། །དཔལ་ལྡན་འབྲུག་པའི་ཁྲིམས་ཀྱི་འདུན་ས་རུ། །འཚེར་སྣང་འཇིགས་སྣང་མེ་སྟག་ཙམ་མེད་པར། །སྒོ་གསུམ་བཅོས་མེད་ངང་ནས་ཕྱག་ཕྱིད་ཞུ། ། ལྷག་ལུས་ཉི་མ་ཟླ་བ་ཉིན་གྲངས་གཉིས། །རང་སོའི་སྒེར་གཡོག་གང་ཡོད་འགྲུབ་ཕྱིར་དང་། །ཕམ་དང་བུ་གཞི་འཛོམས་པར་གཅེས་འཛིན་ནས། །གཞུང་གི་ལས་བྱེདཔ་རྣམས་ལ་ངལ་གསོ་གནང་། ། ངལ་གསོ་ཉིན་གཉིས་དོན་མེད་མི་འགྱུར་ཕྱིར། །ཅི་བྱ་བསམ་ནས་བྱ་བ་གསེས་སྐབས་སུ། །འཛམ་གླིང་ཤར་ལྷོ་ནུབ་བྱང་སྐོར་བ་ཡི། །བྱ་བ་དེ་ཉིད་ཡང་དག་ཉིད་དུ་མཐོང་། ། འོན་ཀྱང་འཛམ་གླིང་སྐོར་བ་ཉིན་ཉུང་ངོ་། །རྐང་བཙུགས་ས་ཆ་སྐོར་བ་ཟས་འགྲོ་ཆེ། །དེ་བས་གློག་བརྙན་བལྟ་ན་འཛམ་གླིང་ནི། །ཇི་སྙེད་ཇི་ལྟ་ཐམས་ཅད་མཐོང་བ་སླ། །
གློག་བརྙན་བཀོད་པ་ནུབ་ཕྱོགས་ཡུལ་ཞིག་ནང་། །སྐྱེས་པ་དར་པོའི་མིང་ལ་ཨ་ལི་ཞེས། །དེ་ལ་གནས་མོ་མཛེས་མ་སོ་ར་ཡ། །བུ་གཞི་མང་པོར་ཡོད་པའི་མཐོང་སྣང་འབྱུང་། ། སོ་ར་ཡ་དང་ཨ་ལི་གཉིས་ཀུ་ནི། །ཚེ་སྔོན་ལས་ཀྱི་བཀོད་པའི་གྲོགས་སུ་འགྱུར། །འོན་ཀྱང་རྐྱེན་ངན་རླུང་གིས་གཡབ་འདེ་གཡབ། །ཨ་ལིས་བུམོ་ཆུང་མེ་རཱར་སེམས་པ་ཤོར། ། བུ་གིས་ཆུང་མ་གང་མང་འཚོལ་ན་ཡང་། །
མཱུ་ལ་བླམ་དང་ཨི་བྷྲ་ཧམ།
གཡུས་ཀྱི་ལུགས་སྲོལ་ཡིན་པས་མ་བཏུབ་མེད། །འོན་ཀྱང་སོ་ར་ཡ་ལ་བཟའ་ཚང་གིས།།སྐྱིད་སྡུག་ལེགས་ཉེས་མཐོང་བས་མ་བཏུབ་འབྱུང་།། ཨ་ལི་མེ་རཱར་སེམས་ཤོར་མདའ་མོ་བཞིན། །སོ་ར་ཡ་ཡི་དམ་ཚིག་རྡོ་རྗེ་བཞིན། །མེ་རཱ་བཟའ་ཚང་བསྡོམས་པ་དཀའ་བས་བརྟེན། །ཨ་ལིས་གཡོ་སྒྱུ་ཐབས་ཤེས་བརྒྱ་སྟོང་བཏོན། །
དང་པ་གཡུས་ཀྱི་བླ་མ་མཱུ་ལ་མཐུན། །གཉིས་པ་འགོ་ཁྲིད་ཨི་བྷྲ་ཧམ་དང་མཐུན། །གསུམ་པ་གཡུས་ཀྱི་ཁ་མང་ཨ་མ་བསྟེན། །མཐའ་རུ་སྡུག་བསྔལ་སོ་ར་ཡ་ལ་འབྱུང་། ། འཛོལ་བ་ཁབ་རྩེ་ཙམ་ཡང་མ་མཆིས་ཀྱང་། །ཁྲལ་དང་ངོ་ཚ་མེད་པའི་གྲོགས་པོར་བརྟེན། །རྡོ་ཧྲུག་གདོང་ལ་འཛེགས་ཏེ་འཆི་དགོས་འབྱུང་། །མ་འཆི་དམྱལ་བའི་སྡུག་བསྔལ་མྱོང་བ་ཕངས། ། བུ་ཚ་ཡིན་ན་དབང་ཚད་རི་ལྟར་འདུག །བུ་མོ་ཡིན་ན་རྐང་མའི་རྟིང་མ་མས། །བུ་དང་བུ་མོ་དབང་ཚད་འདྲ་མཉམ་དེ། །ཡུལ་ཕྱོགས་དེ་ལ་མིན་འདུག་ཀྱེ་མ་ཧོ། ། མི་ལུས་རིན་ཆེན་རྙེད་པའི་དུས་འདི་རུ། །བུ་དཀའ་བུ་མོ་འཇམ་པའི་ལེའུ་ནི་མེད། །ཐམས་ཅད་ཨ་མའི་མངལ་ནས་འཐོན་ཏེ་གིས། །རང་སོའི་དབང་ཐངས་བརྟེན་པས་གསོ་བ་འབྱུང་། ། སྲོག་དང་ན་ཟུག་འཚོར་བ་མ་འདྲ་མེད། །སེམས་དང་རྣམ་ཤེས་རྣམས་ཀྱང་སོ་སོ་མེད། །འོན་ཀྱང་འཇིག་རྟེན་མཐོ་དམན་རི་ཆེན་ནང་། །བུ་མོའི་མི་ཚེ་ཆུ་མོ་བཞིན་དུ་སྐྱོ། །
ཨ་ལི་ ཧ་ཤེམ་དང་སོ་ར་ཡའི་ཨ་པ། པར་གུ་གལ་ལས། |
འཆི་བའི་དུས་ཚོད་ཆུ་ཚོད་གཅིག་ལས་མེད། །སེམས་ལ་འཇིགས་སྣང་ཡོད་མེད་དྲི་དུས་སུ། །འཆི་བ་མི་འཇིགས་མི་ཡི་རྡོ་རུ་འཇིགས། །རྡོ་ལ་མི་འཇིགས་ན་ཚར་འཇིགས་པ་གླེང་། ། སྒོ་ལ་རྡོ་ཧྲུག་འབག་མི་མི་དམང་སྤུངས། །ནང་ལ་སྐྱོ་ཤུང་ཅན་གྱི་འབའ་མོ་ང་། །འཛམ་གླིང་ནང་དུ་མི་ལུས་ལན་ཞིག་རྙེད། །དུས་ཚོད་སྨིན་ཏེ་འཆི་བའི་སྐལ་མ་འབྱུང་། ། ཕྱི་མ་གལ་ཏེ་སྐྱེས་བ་རྙེད་འགྱུར་ན། །བུ་མོའི་ལུས་སུ་ནམ་ཡང་མ་སྐྱེས་ཤོག །སྟོང་གསུམ་འཇིག་རྟེན་ས་སྒོ་མ་ཡངས་ཀྱང་། །ནུབ་ཕྱོགས་ཡུལ་འདིར་མ་སྐྱེས་བྱིན་གྱིས་རློབས། ། རང་གི་ཆུང་མ་མ་གཅེས་ཨ་ལི་བཞིན། །འཛམ་གླིང་ནང་དུ་མ་སྐྱེས་ཨེ་ཀྱང་དགའ། །བྱ་བ་ཆོས་མཐུན་མེད་པ་མཱུ་ལ་བླམ། །འཛམ་གླིང་ནང་དུ་འདུག་ཀྱང་སྐྱོབས་པ་སུ། ། གཡོ་སྒྱུ་མགུ་སྐོར་ཁར་ཉན་ཨི་བྷྲ་ཧམ། །གཡུས་ཀྱི་འགོ་ཁྲིད་ཞེས་ཀྱང་བློ་གཏད་མེད། །དྲིན་ལན་བསམ་ཤེས་མེད་པའི་ཧ་ཤེམ་ལ། །ཕན་འདོགས་ལན་བརྒྱར་བྱས་ཀྱང་སྙིང་པོ་མེད། ། རང་གི་བུ་མོར་མ་བརྩི་སྐྱེས་བའི་ཕ། །དྲིན་ཅན་ཕ་མ་ཡིན་ཀྱང་དཀོན་རྒྱུ་མེད། །བྱིའུ་ཅུང་ཚང་དཀྲོགས་འདྲ་བའི་ཡུལ་ཨ་མ། །ཁྱིམ་ཚང་དངས་རེས་ཡིན་ཀྱང་སྤོངས་བ་ཁེ། ། ཨ་པའི་ངན་ཁ་ཉན་མི་བུ་ཆེ་བ། །ཨ་མ་མི་དྲན་མ་བསམ་དྲན་འབྱུང་ཨེ། །བྱང་སེམས་ཕན་བཏགས་ཆེ་བའི་ཛ་ཧ་ར། །འཛམ་གླིང་ཕྱོགས་མཐའ་བཙལ་ཀྱང་རྙེད་པ་དཀའ། །
ཛ་ཧ་ར། |
It is very beautiful and touching to read.. Wonderful I ever read in Dzongkha so far.. In fact beautifully described. I loved it~
ReplyDeleteWe hardly write in Dzongkha although it is our national language. So I tried a bit different approach hehe..Thank you for going through my post...
ReplyDelete