Tuesday, May 1, 2012

བཀའ་དྲིན་བསམ་བརྗོད།
སྔོན་བསགས་བསོད་ནམས་བྲལ་བའི་བློ་དམན་པ།
མཐའ་ཁོབས་མི་ཡུལ་སྐྱོ་བའི་ས་རུ་སྐྱེས། །
ཉིན་མཚན་འཇིག་རྟེན་བྱ་ལས་འཇུག་པ་ན། །
འཁོར་བའི་གནས་ལས་ཐར་བའི་ལམ་ཞིག་དྲན། །

ལོ་གཅིག་ཕྱུག་པོའི་འོག་ཏུ་ལས་ཀ་འཇུག །
ལོ་གཉིས་འཇིག་རྟེན་ལེ་ལོའི་དབང་དུ་ཤོར། །
ལོ་གསུམ་གངས་ལྗོངས་ནགས་ཏུ་བ་རྫིའུ་བྱེད། །
འཁོར་བའི་བཙོན་ནས་ཐར་བའི་ལམ་མ་སྒྲུབ། །

མི་ཚེ་མི་རྟག་བྱིས་པའི་རྩེད་བཞིན་ཡལ།
བརྗིད་ཅན་སྐྱོ་བ་སྙིང་ཁོང་རུས་པར་ལྷུང་། །
ཅི་བྱེད་རང་རིག་རང་སྣང་མ་ཤར་དུས། །
ཡོན་ཏན་ཡང་དག་འཆང་བའི་མི་དང་མཇལ། །

མི་འདི་སྤྱི་ཡིས་འབོད་པ་སློབ་དཔོན་ཅེས། །
འཁོར་བའི་གནས་ཀྱི་གྲུ་དཔོན་ཉག་གཅིག་ཅེས། །
ཚེ་རབས་ལས་ཀྱི་འབྲེལ་བའི་སློབ་དཔོན་ལགས། །
ཚེ་འདིར་མཇལ་བ་བློ་དམན་སྐལ་བ་བཟང་། །

གང་ཡང་མི་ཤེས་བློ་མུན་ཁོག་པ་རུ། །
བཀའ་ལུང་ཟབ་མོའི་མན་ངག་མ་ཤོངས་བླུགས། །
འབྲས་བཟང་བཅུད་ཀྱི་བརྗིད་པའི་རྐང་འཐུང་བཞིན། །
འཛམ་གླིང་མི་གྲལ་བཙུགས་པ་བཀའ་དྲིན་ཆེ། །

ཁྱེད་ཀྱི་ལག་བཟུང་ལམ་བཟང་མ་ཁྲིད་ན། །
སློབ་བུ་རང་རེ་བདེ་བའི་སར་མི་སླེབས། །
ཁྱེད་ཀྱི་ལེགས་ཉེས་ཕྱེ་ཞིང་མ་སྟོན་ན། །
རང་གི་བཟང་ངན་རྣམས་པ་ཇི་བཞིན་སེལ། །

སྐལ་པ་སྟོང་དུ་བྱོན་པའི་སངས་རྒྱས་ཀྱང་། །
སློབ་དཔོན་དག་ལ་མི་བསྟེན་སངས་མི་རྒྱས། །
ཁྱེད་ནི་བདག་གི་མུན་པའི་སྒྲོན་མེ་ཡིན། །
ཁྱེད་ནི་བདག་གི་ཤེས་རབ་ཀྱི་འོད་ཟེར། །

སྐལ་པ་མ་སྟོང་ཤེས་རབ་སྒྲོན་མེ་འབར། །
མཛད་པ་འཕྲིན་ལས་ནམ་མཁས་མཐའ་ལས་འདས། །
སྐུ་ཚེ་ཞབས་བརྟན་བདག་གི་སློབ་དཔོན་རྣམས། །
སྙིང་ནས་སྨོན་པ་དེ་བཞིན་གྲུབ་པར་ཤོག། །།

དུས་སྟོན་ཁྱད་པར་ཅན་  སློབ་དཔོན་གྱི་ཉིན་མོ་དེ་ལ་  བློ་དམན་བདག་གི་བཀའ་དྲིན་ཤ་སྟག་ཅན་གྱི་སློབ་དཔོན་རྣམས་  ཡིད་གདུང་ངེར་དྲན་ཅིང་  བཀའ་དྲིན་སྙིང་དཀྱིལ་ནས་བསམ་ཕྱིར་ལ་  སྦྱང་བཙོན་ཆུང་བ་ཁོ་བས་  སྨོན་འདེབས་བཅས་བྲིས་པ་དགེ།  །། 

No comments:

Post a Comment